༉ ཕྱི་རོལ་པའི་རིག་བྱེད་བཞི་ཟེར་མི་འདི་ སྔོན་མ་རྒྱ་གར་ལུ་ བྱུང་བའི་མུ་སྟེགས་པའི་ལྟ་བ་དང་ གྲུབ་མཐའ་ལེ་ཤ་ཡོད་པའི་གྲལ་ལས་ རིག་བྱེད་ཀྱི་གཞུང་ལུ་སླབ་ཨིན་མས། སྤྱིར་བཏང་ རིག་བྱེད་ཟེར་མི་འདི་ ཕྱི་ནང་གི་ཐུན་མོང་བའི་རིག་པའི་གནས་ གེ་ར་ལུ་འཇུགཔ་མ་ཚད་ ལེགས་སྦྱར་གྱི་སྐད་དུ་ བེད་ (ved) ཟེར་མི་འདི་ཨིནམ་དང་ འདི་ཡང་ རིག་པ་ ཡང་ན་གསལ་བ་ལུ་འཇུགཔ་ཨིན་མས།
རིག་བྱེད་བཞི་ཡི་འབྱུང་ཁུངས་ལུ་ཡང་ མཁས་པ་སོ་སོ་ཚུ་གིས་བཤད་ཐངས་མ་འདྲཝ་ལེ་ཤ་འདུག། དེ་ཡང་ ལ་ལུ་གིས་ རིག་བྱེད་བཞི་འདི་ ལྷ་ཚངས་པའི་གདོང་བཞི་ལས་བྱུང་བ། ལ་ལུ་གིས་ ལྷ་ཚངས་པའི་བུ་བཞི་གིས་བཟོ་ཡོདཔ། ལ་ལུ་གིས་ ཚངས་པའི་མཚོ་ཟེར་བའི་ཆུ་ལས་ རིག་བྱེད་ཡི་གུའི་སྒྲ་ཚུ་ གདངས་ཀྱི་ཚུལ་དུ་སྦེ་བྱུང་ཡོདཔ་དང་། ལ་ལུ་གིས་ རིག་བྱེད་འདི་ ག་གིས་ཡང་བཟོ་བཟོ་མེན་པར་ རང་བྱུང་ ནམ་མཁའ་བཟུམ་སྦེ་ ཁོ་རང་ རང་བྱུང་སྦེ་ སྔོན་བསྐལ་པ་ཆགས་པའི་བསྒང་ལས་རང་ཡོད་ཟེར་བ་ལ་སོགས་པ་ བཤད་ཐངས་མ་འདྲཝ་ལེ་ས་འདུག།
རིག་བྱེད་ལུ་དབྱེ་བ་བཞི་འདུག། (The Four Types of Vedas)
༡) ངེས་བརྗོད་ཀྱི་རིག་བྱེད། (Rigveda)
༢) སྙན་ངག་གི་རིག་བྱེད། (Samaveda)
༣) མཆོད་སྦྱིན་གྱི་རིག་བྱེད། (Yajurveda)
༤) སྲིད་སྲུང་གི་རིག་བྱེད། (Arthaveda)
༡) ངེས་བརྗོད་ཀྱི་རིག་བྱེད། (Rigveda)
ངེས་བརྗོད་ཀྱི་རིག་བྱེད འདི་ སྤྱི་ལོའི་སྔོན་ལོ་ ༡༥༠༠-༡༢༠༠ དེ་ཅིག་ཁར་ བྲིས་ཡོད་པའི་ རིག་བྱེད་བཞི་ལས་ རྙིང་ཤོས་ཅིག་ཨིན་མས། དེ་ནང་ ཨག་ནི་ (མེ་ལྷ/མེ་མདག) དང་ ཨིན་ཌ་ར་ (ལྷའི་དབང་པོ་བརྒྱ་བྱིན/ཆརཔ་གི་ལྷ) ལ་སོགས་པའི་ ལྷ་མ་འདྲཝ་ཚུ་ལུ་ བསྟོད་པ་རྐྱབ་མི་ མགུར་གཞས་བསྡུ་སྒྲིག་འབད་མི་ ༼བསྡོམས་༡༠༢༨༽ ཡོདཔ་ཨིན་མས། གླུ་གཞས་འདི་ཚུ་ འཇིག་རྟེན་རིག་པ་དང་ ནང་དོན་རིག་པ་ དེ་ལས་ གནས་ལུགས་ཀྱི་རང་གཤིས་ཚུ་གི་སྐོར་ལས་ བརྗོད་དོན་ཚུ་ འཚོལ་ཞིབ་འབད་དེ་ རིག་བྱེད་ཀྱི་རྩོམ་རིག་གི་ གཞི་འགྱམ་ཅིག་སྦེ་བཟོ་སྟེ་ཡོདཔ་ཨིནམ་སྦེ་ བཤདཔ་ཨིན་མས།
༢༽ སྙན་ངག་གི་རིག་བྱེད། (Samaveda)
སྙན་ངག་གི་རིག་བྱེད་འདི་ འཕྲལ་འཕྲལ་སྐབས་ སྒྲ་དབྱངས་ཀྱི་རིག་བྱེད་ ཟེར་སླབ་ཨིན་མས། འདི་ཡང་ ངོ་མ་རང་ ངེས་བྱེད་ཀྱི་རིག་བྱེད་ལས་ཐོན་པའི་ མགུར་གཞས་དང་ སྙན་ཆའི་མཚོན་རྟགས་ཚུ་ བསྡུ་སྒྲིག་འབད་མི་ཅིག་ཨིནམ་སྦེ་བཤདཔ་དང་། སྤྱི་ལོའི་སྔོན་ལོ་ ༡༢༠༠-༩༠༠ གི་བར་ན་ལུ་བརྩམ་ཡོདཔ་དང་ འདི་གིས་ གསོལ་བ་བཏབ་པའི་སྐབས་ལུ་ སྙན་ཆའི་རྣམ་པ་ལུ་གཙོ་བོར་བསྟེན་དོ་ཡོད་པའི་ཁར་ ཞབས་ཁྲ་གི་ཐོག་ལས་ ལྷ་ཚུ་ལུ་འབོད་བརྡ་འབད་ནི་གི་དོན་ལས་ ཆོ་གའི་སྐབས་ལུ་ལག་ལེན་འཐབ་ཨིན། འདི་གི་བཟོ་བཀོད་འདི་ ཡིག་ཐོག་གི་ནང་དོན་གྱི་སྐོར་ལས་ ཉུང་སུ་ཅིག་དང་ མགུར་གཞས་ཚུ་ ག་དེ་སྦེ་འཐེན་དགོཔ་ཨིན་ན་གི་སྐོར་ལས་ མངམ་སྦེ་ཡོདཔ་ལས་ མཛད་སྒོའི་སྐབས་ལུ་ ཕྱི་རོལ་པའི་བླམ་ཚུ་ལུ་ ལམ་སྟོན་ཅིག་སྦེ་ལཱ་འབདཝ་ཨིན་མས།
༣) མཆོད་སྦྱིན་གྱི་རིག་བྱེད། (Yajurveda)
སྤྱི་ལོའི་སྔོན་ལོ་ ༡༢༠༠-༩༠༠ དེ་མཅིག་ཁར་ བྲིས་མི་ མཆོད་སྦྱིན་གྱི་རིག་བྱེད་འདི་ ཆོ་གའི་མཆོད་པ་དང་ མཆོད་འབུལ་ཚུ་གི་དོན་ལུ་ ལག་དེབ་ཅིག་སྦེ་ ལག་ལེན་འཐབ་ཨིན་མས། དེ་ནང་ མཛད་སྒོའི་སྐབས་ལུ་ བཀླག་མི་ ཚིག་སྦྱོར་གྱི་ མན་ངག་ཚུ་ ཡན་ལག་གཉིས་ལུ་དབྱེ་སྟེ་ མང་སུ་ཅིག་ གོ་རིམ་སྒྲིག་སྟེ་ཡོད་མི་ Shukla Yajurveda (དཀརཔོ་) དང་ Krishna Yajurveda (ནགཔོ) ཟེར་མི་ འགྲེལ་བཤད་ཁ་སྐོང་ཚུ་ཡོདཔ་ཨིན་མས། མདོར་ན་ རིག་བྱེད་འདི་གིས་ ཆོ་ག་ཚུ་གཏང་ཚུལ་གྱི་ལག་ལེན་གྱི་གནས་སྟངས་ཚུ་ལུ་ གཙོ་བོར་བསྟེན་དོ་ཡོདཔ་ལས་ ཕྱི་རོལ་པའི་བླམ་ཚུ་ལུ་ ཁག་ཆེ་ཤོས་ཅིག་ཨིནམ་སྦེ་བཤདཔ་ཨིན་མས།
༤) སྲིད་སྲུང་གི་རིག་བྱེད། (Arthaveda)
སྲིད་སྲུང་གི་རིག་བྱེད་འདི་ ཧ་ལམ་ སྤྱི་ལོའི་སྔོན་ལོ་ ༡༠༠༠-༨༠༠ གི་བར་ན་ བཟོ་ཡོདཔ་དང་ འདི་ཡང་ གཞན་མི་རིག་བྱེད་ཚུ་ལས་ ཁྱད་པར་ཅན་ཅིག་ཨིནམ་དང་ འདི་ཡང་ ཉིན་བསྟར་གྱི་ མི་ཚེའི་དཀའ་སྡུག་གི་གནས་སྟངས་ཚུ་དང་ གསོ་བའི་སྨོན་ལམ་ དེ་ལས་ ཆོ་གའི་ལག་ལེན་ཚུ་ བཀོད་དེ་ཡོདཔ་ཨིན་མས། དེ་ནང་ མིག་འཁྲུལ་དང་སྨན་རིགས་ དེ་ལས་ ནང་འཁོད་ཀྱི་གནད་དོན་ཚུ་གི་སྐོར་ལས་ མགུར་མ་ཚུ་ཚུད་་ཡོདཔ་ཨིན་མས། ཀི་དེབ་ ༢༠ ནང་ལུ་ གླུ་གཞས་ ༧༣༠ ཡོད་མི་འདི་གིས་ མི་སྡེའི་འབད་བཞིན་པའི་ལཱ་ཚུ་དང་ ཡིད་ཆེས་བསྐྱེད་མི་ཚུ་ གསལ་སྟོན་འབདཝ་ལས་ ཆོ་ག་ལུ་གཙོ་བོར་བསྟེན་མི་ གཞན་མི་རིག་བྱེད་ཚུ་དང་ཕྱདཔ་ད་ འཇིག་རྟེན་པའི་མི་སེར་ཚུ་གིས་ ལག་ལེན་འཐབ་ཚུགསཔ་སྦེ་བཟོཝ་ཨིན་མས།
ལུང་འདྲེན་དང་རྒྱབ་རྟེན་ཡིག་ཆ།
[1] https://www.geeksforgeeks.org/types-of-vedas/
[2] https://simple.wikipedia.org/wiki/Rigveda
[3] https://byjus.com/free-ias-prep/types-vedas/
[4] https://study.com/academy/lesson/the-vedas-hinduisms-sacred-texts.html

No comments:
Post a Comment