འབྲེལ་བ་འཐབ་ས།

སེམས་ཀྱི་བརྩེ་མིག་གི་མདའ།

སེམས་ཀྱི་བརྩེ་མིག་གི་མདའ།

གཟུགས་མཛེས་ཉ་གང་ཟླ་བའི་ཞལ་རས་ལུ།།
རྟ་བདུན་དབང་པོའི་འོད་ཟེར་ཕོག་པའི་ཚེ།།
སྲིད་གསུམ་ནང་གི་མཛེས་མ་ཀུན་འདུས་ཏེ།།
ཁྱོད་ལུ་འགྲན་ཟླ་འབད་ཚུགསན་ང་ལུ་གསུངས།།

སྤྱན་ནི་ནམ་མཁའི་སྐར་མ་འདྲ་བ་གིས།།
ལན་གཅིག་སྟག་ཤར་ག་ལུ་བལྟ་རུང་ཡང་།།
ལུས་ཀྱི་རྒྱལ་པོ་ནང་སེམས་ནོར་བུ་འདི།།
མ་བརྐུ་ཟེར་མི་ཡོད་ན་ང་ལུ་གསུངས།།

ལག་པའི་ཕྱག་རྒྱ་རྐང་པའི་བྲོ་གར་ཚུ།།
དྲི་ཟ་དང་ནི་ལྷ་མི་སུས་མཐོང་རུང་།།
ཁྱོད་ནི་སྒྱུ་རྩལ་མཁས་པ་ཨིན་མས་ཟེར།།
སེམས་ལུ་མ་ཤར་ཟེར་ན་ང་ལུ་གསུངས།།

གསུང་སྙན་ཁུ་བྱུག་དང་ནི་དྲི་ཟ་ཚུ།།
འཇིན་རྟེན་ནང་ལུ་སྙན་གྲགས་ཨིན་རུང་རང་།།
ཚིག་དོན་དབེན་པའི་སྟབས་ཀྱིས་ཁྱོད་སྐད་དང་།།
འགྲན་ཟླ་ཡོད་ཟེར་སླབ་ན་ང་ལུ་གསུངས།།

སྐུ་གཟུགས་རྩཱ་རིའི་སྨྱུག་མ་ལྡེམ་ལྡེམ་ལུ།།
རིས་མོ་ལེགས་པའི་དཀྱི་ར་རྒྱན་ཆ་ཚུ།།
ུབརྒྱན་ཏེ་རྣམ་འགྱུར་ལེན་གཅིག་བཏོན་ཙམ་གྱིས།།
ཕོ་རབ་དྲན་མེད་མ་གྱལན་ང་ལུ་གསུངས།།

མཛེས་མ་མཛེས་མ་ཟེར་བའི་མཛེས་ཚིག་འདི།
ཁྱོད་ལས་གཞན་ནི་སུ་ཡང་འོས་འབབ་མེད།།
ཁྱོད་མེདན་མཛེས་མ་ཟེར་བའི་མཛེས་ཚིག་འདི།།
འབྱུང་བའི་དཔེ་ཡོད་ཟེར་ན་ང་ལུ་གསུངས།།

གསུང་སྙན་གསུང་སྙན་ཟེར་བའི་སྙན་ཚིག་འདི།།
ཁྱོད་ལས་གཞན་ནི་སུ་ཡང་འོས་འབབ་མེད།།
ཁྱོད་མེདན་གསུང་སྙན་ཟེར་བའི་སྙན་ཚིག་འདི།།
འབྱུང་བའི་དཔེ་ཡོད་ཟེར་ན་ང་ལུ་གསུངས།།

ཁུ་བྱུག་སྐད་སྙན་ཟླ་བ་མཛེས་ལྡན་དང་།།
སྨྱུག་མ་གཟུགས་མཛེས་ཡོད་པའི་དཔེ་འདི་ཚུ།།
མི་གཞན་ཧ་གོའི་དོན་ལུ་འབྲི་ཡོད་རུང་།།
དངོས་སུ་ཁྱོད་ནི་ཁོང་ཚུའི་དཔེ་སྟོན་ཨིན།།

ཚད་མེད་བཞི་ཡི་ནང་ལུ་དགའ་བ་ཟེར།།
དགའ་བ་དངོས་སུ་མྱོང་བའི་དུས་སྐབས་འདི།།
མཛེས་མ་ཡིད་ཀྱི་དགའ་བའི་སྣང་བ་འདི།།
མེན་ནམ་ཟེར་བའི་ཐེ་ཚོམ་ཁོང་དུ་འཆར།།


འབྲི་མི་: ཚེ་རིང་ཕུན་ཚོགས།

No comments:

Post a Comment

The Night My Daughter, Mendrel Was Born

Mendrel, (The First look after birth) It was the final day of the Mongar Tshechu (23/11/2024), and I was busy fulfilling my official duties....