འབྲེལ་བ་འཐབ་ས།

ཇོ་མོ་དར་དཀརམ་དང་དགེ་སློང་གི་སྐོར་ལས་ཁ་རྒྱུན་སླབ་སྲོལ་ཡོད་པའི་སྲུང་།

 དར་དཀར་ན་ལས་ཨིན་མི་ ཐོས་རྒྱ་ཆེ་བའི་ དགེ་སློང་ཅིག་གིས་ ཨམ་ཇོ་མོ་དར་དཀརམ་གིས་ དགེ་སློང་ཚུ་ ལ་བ་ཏ་མ་མཚོ་གི་སྦོ་ལོགས་ཁར་ སྒོམ་རྐྱབ་པ་ཅིན་ འདྲོག་འབདཝ་མས་ལོ། ད་རེས་ མོ་གིས་ ནུས་སྟོབས་་ག་དེམ་ཅིག་ཡོད་ག་ ང་གིས་བརྟག་དཔྱད་ཅིག་འབད་བལྟ་དགོ་པས།” ཟེར་སླབ་སྟེ་ ལ་བ་ཏ་མ་ལུ་ཡོད་པའི་ བརྒྱ་བརྒྱད་མཚོའི་སྦོ་ལོགས་ཁར་འགྱོ་ནུག།

དགེ་སློང་འདི་གིས་ མཚོ་དེ་གི་སྦོ་ལོགས་ཁར་ཡོད་པའི་ སྒོམ་ཁང་ནང་ ཞག་གསུམ་ སྒོམ་རྐྱབ་སྟེ་སྡོད་རུང་ ཨམ་ཇོ་མོ་ཡོད་པའི་རྟགས་མཚན་དང་བརྡ་ཚུ་ག་ནི་ཡང་མ་བྱུང་པས།

དེ་ལས་ ཁོ་ལུ་རྟགས་མཚན་ཚུ་ག་ནི་ཡང་མ་བྱུང་ཟེར་ དཔའ་ཉམས་བསྐྱེད་དེ་ ལོག་དར་དཀར་ན་ལུ་འོང་པའི་ལམ་ཁར་ ཨམ་ཇོ་མོ་དར་དཀརམ་ མོ་རའི་ ནམ་དགུན་གྱི་ཕོ་བྲང་ དར་དཀར་ན་ལུ་ཡོད་པའི་ དར་དཀར་ཀཱ་ལི་རྫིང་ཁ་ལས་ ནམ་བྱཱར་གི་ཕོ་བྲང་ ལ་བ་ཏ་མ་ལུ་འགྱོཝ་ད་ཁ་ཐུག་རྐྱབ་ཏེ་ མོ་དང་འཕྱད་ནུག། དེ་བསྒང་ ཨམ་ཇོ་མོ་འདི་ འབྱོགཔ་གི་ཨམ་སྲུ་ཅིག་ལུ་སྤྲུལ་ཡོདཔ་དང་ ལགཔ་ཁར་ལུ་ དོབ་ཅིག་ཡང་བཤད་དེ་ ཡོདཔ་སྦེ་ཨིན་མས།

ཨམ་ཇོ་མོ་གིས་ སློབ་དཔོན་ག་ལས་བྱོན་སྨོ་ཟེར་འདྲི་ནུག། དགེ་སློང་གིས་ ང་ཡར་ལ་བ་ཏ་མ་ལས་འོངམ་ཨིན། དར་དཀར་ན་ལུ་ མི་ཚུ་གེ་ར་ཨམ་ཇོ་མོ་གི་ནུས་སྟོབས་སྐོར་ལས་སླབ་མས། ཚར་ཅིག་ མོ་གི་ནུས་སྟོབས་ ག་དེ་སྦེ་ཡོད་ག་བལྟ་བར་འགྱོ་ཡི། དེ་འབདཝ་ད་ ང་གིས་ ཡར་ལ་བ་ཏ་མ་ལུ་འགྱོཝ་སྟེ་ ཞག་གསུམ་སྒོམ་རྐྱབ་སྦེ་སྡོད་རུང་ ཨམ་ཇ་མོ་འདི་ ང་ལས་ནུས་སྟོབས་ཆུངམ་ལས་ ང་ལུ་ག་ནི་ཡང་འབད་མ་ཚུགས། ཟེར་ལན་སླབ་ནུག།

ཡ་ཨིན་མས་ག? ད་རུང་ལོག་འགྱོཝ་སྟེ་ ཞག་གསུམ་སྒོམ་རྐྱབ་བལྟ་ཤིག། ཁྱོད་ཀྱི་མོ་དང་འཕྱད་ཚུགསཔ་འོང་ག་ཡང་མི་ཤེས། ཟེར་ཁོ་ལུ་ བསམ་འཆར་བཀོད་ནུག།


དེ་ལས་ དགེ་སློང་འདི་གིས་ བཏུབ་ཟེར་ཁ་འཆམ་སྟེ་ ལོག་ལ་བ་ཏ་མ་ལུ་སྒོམ་རྐྱབ་པར་འགྱོ་ནུག། དེ་ལས་ ཞག་དང་པམ་ལུ་ ཁོ་རང་ སྔོན་མའི་སྒོམ་ཁང་ནང་འགྱོ་ད་ འདྲོག་བྱལ་གི་རྟགས་མཚན་ ལེ་ཤ་མ་བྱུང་བའི་སྔོན་གོང་ལས་ སྒོམ་ཁང་འདི་ནང་ སྦུལ་སྦོམ་འདྲོག་སི་སི་ཅིག་  མཐོངམ་ལས་ དགེ་སློང་འདི་ འདི་ནང་ར་སྲོག་གཅད་དེ་ ཞག་དེ་ནང་རང་ཤི་སོང་ནུག་གོ།།

དར་དཀར་ལ།

 

རྒྱབ་རྟེན་དཔེ་ཆ།
རྡོ་རྗེ་དཔལ་འབྱོར། དཔལ་འབྲུག་ཞིབ་འཇུག་ལྟེ་བ།


དྲན་གསོ། ཁ་རྒྱུན་གི་སྲུང་དེ་ On the Mule track to Dagana ཟེར་བའི་དཔེ་དེབ་ནང་ལས་ སྐད་འགྱུར་འབད་དེ་ འབྲི་ཡོདཔ་ལས་ མཁས་པའི་བདག་པོ་ཚུ་གིས་ འཛོལ་བ་ཡོད་པ་ཅིན་ ཐུགས་ཀྱི་བཟོད་པ་བཞེས་གནང་ཞུ།

 

དེང་དུས་ཀྱི་གནས་སྟངས་རག་ཙམ།


དེང་དུས་ཀྱི་གནས་སྟངས་རག་ཙམ།

ཨྱོན་གུ་རུས་ སྤྱོད་ངན་རང་གིས་བྱས་ནས་དུས་ངན་ཟེར།། དུས་རྣམས་མི་འགྱུར་མི་རྣམས་འགྱུར་བས་ལོན།། ཟེར་གསུངས་དོ་བཟུམ་ སོ་སོའི་བསམ་སྤྱོད་ཀྱི་འགྱུར་བ་ལུ་བརྟེན་ ད་རེས་ནངས་པའི་གནས་སྟངས་ལུ་བལྟ་སྟེ་ སེམས་འཁྲུལ་བའི་གཞི་ལས་མིན་འདུག། དེ་ཡང་ དཔྱེ་ཐུང་ཀུ་ཅིག་ཞུ་ན་ ང་བཅས་ར་ལྷ་ཁང་དགོན་སྡེ་ནང་ལས་ཕར་ ཕྱག་འཚལ་ནི་དང་དཀར་མེ་རེ་ཕུལ་བར་འགྱོ་བའི་སྐབས་ སྙན་དར་ཟེར་ འགྲོ་བ་རིགས་དྲུག་གི་དོན་ལུ་ཨིན་ཟེར་ སེམས་ཀྱི་སྙིང་རུས་བསྐྱེད་དེ་ དངུལ་ཀྲམ་ ཡོད་མི་ཚུ་གི་མཐོ་ན་ ༥༠ དང་ ༡༠༠ གི་བར་ན་ མེད་མི་ཚུ་གིས་ དངུལ་ཀྲམ་ ༥ དང་ ༡༠ གི་བར་ན་ཕུལ་ས་མཇལ་ཡི། 

མ་གཞི་ འདི་ལུ་ རང་སོའི་བཤད་ཐངས་མ་འདྲཝ་ཡོདཔ་འོང་། ཨིན་རུང་ ད་རེས་ནངས་པ་ དོན་མེད་ཀྱི་འགྲུལ་འཕྲིན་ནང་ལུ་ཡོད་པའི་ མཁོ་ཆས་ ཕེས་བུག་དང་ ཨིནས་ཀྲ་གརམ་ མེ་སེན་བྱར་དང་ རྩེདམོ་གི་རིགས་རྩེད་ནིའི་དོན་ལུ་ མེད་སྐད་རྐྱབ་མི་ཚུ་གིས་ཡང་ འགྲུལ་འཕྲིན་ནང་ རྩིས་ཤོག་བཙུགས་ནིའི་དོན་ལུ་ དངུལ་ཀྲམ་ ༤༩ དང་ ༥༠ གི་བར་ན་འཐོན་ནི་འདུག་ཟེར་ཞུ་ནི། 

དེང་དུས་ཀྱི་འཕྲུལ་ཆས་འདི་ མེད་ཐབས་མེད་པའི་ཅ་ལ་ཅིག་ཨིནམ་ལས་ འདི་ལུ་ཞུ་དགོཔ་ མེད། ཨིན་རུང་ ལྷ་ཁང་ནང་ལས་ཕར་ རང་རང་སོསོ་ལུ་ཡོད་ན་ ཡོད་པའི་ལུགས་ལས་ གང་མང་ཕུལ་ནི་དང་ མེད་རུང་མེད་པའི་ལུགས་ལས་ མང་ཉུང་ཅིག་ཕུལ་བ་ཅིན་ ལྷ་ཁང་འདི་ནང་ཞབས་ཏོག་ཨིནམ་དང་ འདི་ནང་ལས་བཞུགས་པའི་སངས་རྒྱས་དང་བྱང་སེམས་ཚུ་ལུ་ཞབས་ཏོག་ཞུ་ནིའི་དོན་ལུ་ཕན་ཐོགས་བྱུང་ས་མཇལ་ཡི་ཟེར་ཞུ་ནི་ཨིན། འདི་གིས་རང་ལུ་ ཚེ་འདི་ཕྱི་གཉིས་ལུ་ཕན་ཐོགས་བྱུང་ནིའི་བྱ་བ་ཅིག་ཨིན་ཟེར་ཞུ་ནི།

འདི་བཟུམ་ཞུ་ད་ ངེས་པར་དུ་ ཡོད་རུང་མེད་རུང་ལེ་ཤ་ཕུལ་དགོ་ཟེར་མེན་པར་ རང་སོའི་བསམ་སྤྱོད་ལེགས་སྤྱོད་གཏང་དགོཔ་འདི་གལ་ཆེ་བས་ཟེར་ཞུ་ནི། 


བསམ་བློ་ཆུང་བའི་ སྐྱེ་བོ་རང་གིས་ ཞུ་མ་ཤེས་པའི་རྐྱེན་གྱིས་ འདི་བཟུམ་ཐུགས་ཁར་མ་བབ་མི་ཡང་ལེ་ཤ་འཐོན་སྲིདཔ་ལས་ སངས་རྒྱས་ཀྱིས་ བསྲེགས་དཔྱད་བརྡར་བའི་གསེར་བཞིན་དུ།། ལེགས་པར་བལྟ་ལ་ང་ཡི་བཀའ།། བླངས་བར་བྱ་བའི་གུས་ཕྱིར་མིན།། ཟེར་གསུངས་ཡོདཔ་བཞིན་དུ་ རྣམ་དཔྱད་ལེགས་ལྡན་གི་མཁས་པའི་བདག་པོ་ཚུ་གིས་བརྟག་ཤིང་དཔྱད་དེ་བཀྲིན་བསྐྱངས་གནང་ཞུའོ།།


                           བཀྲིན་ཆེ།

Dho Kelpai Goenthem/Denthri- The Ancient Rock Step

རྡོ་བསྐལ་པའི་སྒོན་ཐེམ/རྡོན་ཁྲི།
བཤད་སྲོལ་ལས་ རྡོ་བསྐལ་པའི་སྒོན་ཐེམ/རྡོན་ཁྲི་ཟེར་མི་འདི་ རྡོ་རང་འབྱུང་གི་རྡོན་ཁྲི་སྦེ་ཨིནམ་དང་ བསྐལ་པ་ནུབ་རནམ་ད་ རྡོ་འདི་ འོག་ཕྱོགས་ཀླུ་གིས་ཞུ་སྟེ་འབག་ནི་དང་ རྡོན་ཁྲི་འདི་གུ་ཚར་ཅིག་འཛེགས་པ་ཅིན་ རང་གི་ལས་སྒྲིབ་ཚུ་དག་སྟེ་ ཚེ་ཕྱི་མ་མཐོ་རིས་ལུ་སྐྱེས་ནི་ཨིན་སྦེ་སླབ་སྲོལ་འདུག། གནས་རྡོ་འདི་ རྟ་ནག་སྦྱིས་གཡུས་ཚན་ལས་ ཁ་མར་ལྟ་ རྐང་ཐང་སྐར་མ་ ༡༥ ཙམ་སྒོར་དོ་ཡོདཔ་ཨིན།



Dho Kelpai Goenthem/Denthri- The Ancient Rock Step

Legend has it that Dho Kelpai Goenthem/Denthri is a self-arisen rock step and it is said that the rock will sink down towards the land of Nagas when the time for the fabulous period of this eon is to end. Popularly believed that if one climbs up the stone, one will be cleansed of the defilements and proceed towards paradise or the heaven, Dho Kelpai Goenthem is one of the renowned pilgrimage site of Dagana Dzongkhag.  It takes 15 minutes of down walk from the Tanabji village to reach the Sacred Rock.

རྒྱབ་རྟེན་དཔེ་ཆ།
གནས་ཡིག་ཀུན་ཕན་ལམ་སྟོན།

སེམས་ཁམས་ཀྱི་འཁྲུགས་གཏམ་དུས་ཐེངས་དང་པ།

          སེམས་ཁམས་ཀྱི་འཁྲུགས་གཏམ་དུས་ཐེངས་དང་པ།

ལས་ཀྱི་རླུང་མ་འཕུ་སྟེ་ རང་སོའི་སེམས་ཀྱི་ཞིང་ཁམས་ལུ་རེག་པའི་དུས་ལུ་ ད་ལྟོ་འབད་སྡོད་པའི་ ལཱ་གི་འགྲོ་ལམ་ཚུ་ཡང་ ཚེ་རབས་སྔོན་མའི་ དགེ་སྡིག་གི་རྣམ་གཞག་ལུ་བརྟེན་ཏེ་ བདེ་སྡུག་མྱོང་བའི་གཞི་ལུ་བལྟ་བ་ཅིན་ འཇིག་རྟེན་འདི་ནང་ འཁྲུལ་སྣང་ལང་བའི་གཞི་ལས་མིན་འདུག། ད་ལྟོ་ དལ་འབྱོར་མི་ལུས་རིན་ཆེན་ཐོབ་ དམ་པའི་ཆོས་དང་མཇལ་བའི་དུས་ཚོད་ལུ་ སེམས་དུག་ལྔའི་དབང་ལུ་ཐལ་ཏེ་ འཁོར་བའི་སྡུག་བསྔལ་གྱི་འདམ་ནང་ལུ་ རང་གི་མགུ་འབག་སྟེ་ ཐགཔ་འཚོལ་མི་འདི་ དལ་རྟེན་འཕྲོ་བརླགས་གཏངམ་ཨིནམ་ངེས་བདེན་ཨིནམ་ཤེས་པས།  ཨིན་རུང་ བསྐོས་པའི་ལས་ཀྱིས་ལྕགས་ཀྱུ་ཡིས་ བཟུང་བཞག་པའི་བསྒང་ལས་ རང་གི་བསམ་པའི་རེ་བ་ཚུ་ ནམ་མཁའི་འཇའ་ཡལ་དོ་བཟུམ་སྦེ་ཡལ་ འབད་བའི་ལཱ་གི་དཔའ་ཉམས་ཚུ་ མར་ངོའི་ཟླཝ་བཟུམ་སྦེ་ ཞུམ་འགྱོ་བའི་སྐབས་ ནམ་མཁའི་སྤྲིན་ནག་གིས་ རྟ་བདུན་བང་པོའི་འོད་ཟེར་སྤུར་བཞག་དོ་བཟུམ་ སེམས་ཁམས་འཁྲུགས་ཏེ་ འཁྲུལ་སྣང་གི་མིག་ཆུ་ སྤྲིན་གྱི་མེ་ཏོག་བཟུམ་སྦེ་ མིག་ཏོ་ནང་ལས་མར་སྦུད་འོང་མས། དེ་འབདཝ་ལས་ ལཱ་ག་ཅི་རང་འབད་རུང་ མནོ་བསམ་ག་ཅི་རང་གཏང་རུང་ མཇུག་ལུ་ རང་ར་སོ་སོའི་ཕོཝ་གྱི་དོན་ལུ་འབདཝ་ཨིནམ་ལས་ ད་ལྟོ་སྟོབས་གོ་ས་དང་དབང་ཚད་ཡོད་དུས་ བདེ་ཐབས་སྒྲིག་ནི་མེན་པར་ སོ་སོའི་སེམས་ཁམས་ལུ་གནོད་པའི་བསམ་བློ་དང་ལཱ་ཚུ་མ་འབད་བར་ དང་པ་འོག་མ་སྐྱོང་ལུགས་དང་ མཉམ་པར་འགྲོ་ལུགས་ གོང་མར་ལུ་བཀུར་ལུགས་ཚུ་ སེམས་ཁར་བཞག་སྟེ་ལཱ་འབད་དགོཔ་འདི་ གལ་ཆེཝ་སྦེ་མཇལ་ཡི་ཟེར་ཞུ་ནི། 

མཇུག་རང་ དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་ཡིས། དགྲ་འདྲེ་གཉིས་དང་མ་འཕྲད་ན།། རང་ཚུགས་ཅན་དེ་སུ་ཡང་ཡིན།། རྒྱུ་ཚེགས་གཉིས་དང་མ་འཕྲད་ན།། ཁ་བཟང་བ་དེ་སུ་ཡང་ཡིན།། འགྱོད་རྐྱེན་ངན་པ་མ་འཕྲད་ན།། ཁ་མཁས་པ་དེ་སུ་ཡང་ཡིན།། སྐྱིད་སྡུག་ཐོག་ཏུ་མ་བབས་ན།། ཨ་མའི་སྒོ་ཁར་སུ་ཡང་བཟང་།། ཟེར་གསུངས་དོ་བཟུམ་ ག་ཅི་རང་འབད་རུང་ཉམས་མྱོང་ཡོདཔ་དང་མེད་པའི་ཁྱད་པར་ཨིནམ་ལས་བརྟེན་ གཞན་མི་ལུ་ཕོ་ཚད་གུར་བཀལ་ཏེ་ ཚིག་ངན་ཚུ་མ་སླབ་པར་ ལེགས་ཤོམ་སྦེ་བརྟག་དཔྱད་འབད་དེ་ ལཱ་འབད་དགོཔ་ཚུ་ དུས་དང་བསྟུན་ཏེ་འབད་དགོཔ་ཁག་ཆེ་བའི་ བསམ་བློ་ཆུང་ཀུ་ཅིག་གཏང་མི་འདི་ མཁས་པ་རྣམས་ཀྱི་རིག་པས་ཞིབ་དཔྱད་མཛད་དེ་འབད་གནང་ཞུ།
                           བཀྲིན་ཆེ།

ནམ་དགུན་འཁྲུལ་སྐད་ཀྱི་ཕོ་ཉ།





ཡིད་དམ་ལྷ་ཚོགས་རྣམས་ཀྱི་ཞལ་རྣམ་འདིན།།
མིག་ཟུང་བརྒྱང་སྟེ་བལྟ་རུང་མཇལ་མ་ཚུགས།།
སེམས་ལ་ཇི་ཙམ་དྲན་ཡང་དྲན་མ་བྱུང་།།
མ་དག་འཁོར་བའི་མཛེས་མ་རྣམས་ཀྱི་ཞལ།།
མིག་ཏོ་བཙུམ་སྟེ་སྡོད་རུང་མཐོང་འོང་མས།།
སེམས་ལ་མི་དྲན་མནོ་རུང་ཡང་ཡང་དྲན།།
དམ་ཆོས་ཡང་དག་ཨིན་ཟེར་ཤེས་རུང་རང་།།
སྒྲུབ་ནིའི་བརྩོན་འགྲུས་རང་གིས་རྩོམ་མ་ཚུགས།།
ཚུལ་མིན་བུད་མེད་དཀྲོགས་ནིའི་བརྩོན་འགྲུས་འདི།།
ཉོན་མོངས་སེམས་ཀྱི་གཏིང་ན་འཛིན་མཆི་ནུག།
རང་སེམས་རང་གིས་བཏུལ་ནི་དགོད་བྲོ་མས།།
འཁོར་བའི་འདམ་ནང་སྡོད་ནི་རྒྱུ་སྒྲུབ་སྟེ།།
ལས་དང་རྒྱུ་འབྲས་དམ་ཚིག་རྒྱན་ཆ་ཚུ།།
རྒྱང་རིང་རྒྱང་རིང་ཡུལ་དུ་འགྱོ་མས་ཟེར།།
ད་ནི་རང་ཚུགས་རང་གིས་བརྟགས་པའི་ཚེ།།
ང་ནི་ལས་སྒྲིབ་མང་བའི་བདེན་པ་མཐོང་།།
སེམས་ནི་འཁྲུལ་སྣང་ལང་བའི་གཞི་རུ་འགྱུར།།


                 བཀྲིན་ཆེ།

གཤིན་རྩིས་བལྟ་དགོས་པའི་སྐོར།


                   གཤིན་རྩིས་བལྟ་དགོས་པའི་སྐོར།

ང་བཅས་ར་འགྲོ་བ་རིགས་དྲུག་གི་ སེམས་ཅན་ཐམས་ཅད་ སྐྱེས་ཚར་བའི་མཐའ་མ་ རང་གི་ཚེ་དང་བསོད་ནམས་ཀྱི་ཚོགས་རྫོགས་ཏེ་ ནད་རྐྱེན་གང་རུང་དང་འཕྱད་དེ་ གློ་འབུར་དུ་ཤིཝ་ཨིནམ་ལས་ ཤི་བའི་སྐབས་ བཟང་ངན་བལྟ་མི་འདིལུ་ གཤིན་རྩིས་ཟེར་སླབ་ཨིན། འཇིག་རྟེན་འདི་ནང་ལུ་ བྱ་བ་ལམ་འགྲོ་ ལེགས་ཤོམ་སྦེ་ འགྱོ་དགོ་པ་ཅིན་ སྐྱེས་བའི་སྐབས་སྐྱེས་རྩིས་དང་ ཤི་བའི་སྐབས་གཤིན་རྩིས་ བལྟ་དགོསཔ་འདི་ གལ་ཆེ་ཤོས་ཅིག་ཨིན། དེ་ཡང་ རྩིས་བལྟ་ཐོག་ལས་ གཤིན་པོ་འདི་ཚེ་ཕྱི་མ་ལུ་ གནས་ལེགས་ཤོམ་ལུ་སྐྱེས་ནིའི་ ཐབས་སྒྲིགས་ཚུགས་ནི་དང་ ཤུལ་ལུ་ལུས་མི་ ཉེ་འཁོར་དང་མི་སྡེ་ལུ་ བར་ཆད་དང་ནད་མུ་གེ་ཚུ་ སེལ་ཚུགས་པའི་ཁེས་ཕན་ཡོདཔ་དང་ གལ་སྲིད་མ་བལྟ་བ་ཅིན་ གཤིན་པོ་འདི་ལུ་དགེ་བ་ག་ཅི་བསྒྲུབས་ནི་ཨིན་ན་ མི་ཤེས་ནི་ཨིནམ་ལས་ ངན་སོང་གསུམ་ལུ་སྐྱེས་ནིའི་རྒྱུ་དང་ རྣམ་ཤེས་བར་དོ་འཁྱམས་པའི་སྐབས་ ཉེ་འཁོར་གྱི་གསོན་པོ་དང་ མི་སྡེ་ནང་ལུ་གནོད་པ་འབྱུང་དོ་ཡོདཔ་ཨིན་མས། དེ་འབདཝ་ལས་ གཤིན་རྩིས་བལྟ་བ་ཅིན་ཁེས་ཕན་དང་ མ་བལྟ་བ་ཅིན་ གནོད་པའི་སྐོར་ཞུ་ནིཨིན།

གཤིན་རྩིས་འདི་བལྟ་བ་ཅིན་ དེ་གིས་མི་སྡེ་ནང་ལུ་ ཞི་བདེ་འབག་འོང་ནི་ལུ་ ཕན་ཐོགསཔ་ཨིནམས། དེ་ཡང་གཤིན་རྩིས་ནང་ལས་ ང་བཅས་ར་ སྲོག་ག་གིས་བཅད་ཡོདཔ་ཨིན་ན་དང་། དེ་ལས་ རོ་ཕྱོགས་ག་སྟེ་ལས་བཏོན་ནི་ཨིན་ན། གཤིན་པོའི་རོ་ལུ་རེག་བཏུབ་དང་མ་བཏུབ་པའི་ལོ། རོ་འབག་བཏུབ་དང་མ་བཏུབ་པའི་ལོ།  རོ་བཟོ་ཐངས་དང་ རོ་ཆུ་འཁྱུ་ཐངས། དེ་ལས་ གཤིན་པོ་འདི་ ངན་སོང་གསུམ་དང་མཐོ་རིས་གསུམ་ ག་ཏེ་སྐྱེས་ནི་ཨིན་ན་དང་ གལ་སྲིད་ རྩིས་ནང་ལས་ཐོན་དོ་བཟུམ་གྱི་ ལོ་རྟགས་དང་བྱ་སྒོའི་རིམ་པ་ཚུ་འབད་མ་ཚུགས་རུང་ བཟློག་ཐབས་བཏོན་ཏེ་ འབད་ཚུགསཔ་མ་ཚད་ ངན་སོང་གསུམ་ནང་སྐྱེས་བ་ཅིན་ བཟློག་ཐབས་དང་རིམ་འགྲོ། དགེ་བ་དགེ་རྩ་ཚུ་སྒྲུབ་སྟེ་ ཐར་པའི་ལམ་ལུ་འདྲེན་ཚུགས་པའི་ ནུས་པ་སྦོམ་འདུག་ཟེར་ཞུ་ནི།


སྲིད་པ་འཁོར་ལོ།



ད་རུང་ གཤིན་པོ་དེ་ལུ་ གཤིན་རྩིས་ནང་ལས་ཐོན་མི་ འཕོ་བ་ལ་སོགས་པ་ ཞུ་ཚུགས་པ་ཅིན་ བར་དོའི་གནས་ལས་གྲོལ་ཏེ་ ཚེ་ཕྱི་མ་སྐྱེ་བ་ལེན་པའི་སྐབས་ སྐྱེ་བ་ལེགས་ཤོམ་ཐོབ་ཕན་པ་ཡང་འདུག དེ་ཡང་གནམ་རིག་སྐར་རྩིས་ལས། (༢༠༠༤ ཤོག་གྲངས ༣༡༥) “འཕོ་བ་ཞུ་བ་ཞེས་པ་དེ་ཚེ་ཕྱི་མར་སྐྱེ་བ་བཟང་པོ་ལེན་པར་བྱེད་པའི་ཐབས་ལྟ་བུ་ཞིག་སྟེ།ཟེར་བཀོད་ཡདཔ་དང་ རྡེའི་དྲུག་བཅུ་མ་དར་རྒུད་ཀྱི་སྐབས་ རྩིས་དཔེ་གསར་སྒྲིག་གྲོང་པའི་མེ་ལོང་བཞུགས་སོ་ལས། (༢༠༡༤) མངལ་གནས་དང་ཤི་བ་ལུ་  ཤི་བ་ཅིན་ ཡི་དྭགས་ལུ་སྐྱེ་ནི་དང་ དེའི་བཟློག་ཐབས་ལུ་ སྦྱིན་པ་གཏོང་དགོཔ་ལ་སོགས་པའི་ ཐབས་ལམ་ལེ་ཤ་སྟོན་མི་ལུ་བརྟེན་ ཕན་ཐོགས་ཡོདཔ་ཨིན།

གལ་སྲིད་ གཤིན་པོ་འདི་ལུ་ གཤིན་རྩིས་འདི་མ་བལྟ་བ་ཅིན་ གཤིན་པོ་འདིའི་ དགེ་བ་དགེ་རྩ་དང་ བཟློག་ཐབས་རིམ་འགྲོ་ ག་ཅི་འབད་དགོཔ་ཨིན་ན་ཚུ་ མི་ཤེས་ནི་ཨིནམ་ལས་ གཤིན་པོའི་རྣམ་ཤེས་འདི་ བར་དོ་འཁྱམས་ཏེ་ དེ་གིས་ ཤུལ་ལུ་ལུས་མི་ རང་གི་བཟའ་ཚང་དང་ ཉེ་འཁོར་གྱི་མི་དང་སེམས་ཅན་ལུ་གནོདཔ་ལས་ ནད་དང་མུ་གེ་འབྱུང་ནིའི་ གཞི་རྩ་བཟུམ་ལུ་འགྱུར་ཨིན། དེ་མ་ཚད་ གཤིན་པོ་འདི་ མར་ངན་སོང་གསུམ་ལུ་སྐྱེས་རུང་ བཟློག་ཐབས་རིམ་འགྲོ་ཚུ་ག་ཅི་འབད་ནི་ཨིན་ན་ མི་ཤེས་ནི་ཨིནམ་ལས་ ཚེ་ཕྱི་མ་ སྐྱེ་བ་བཟང་པོའི་ལམ་འགག་སྟེ་ ངན་སོང་གསུམ་ནང་ལུ་ཚད་མེད་པའི་ སྡུག་བསྔལ་མྱོང་སྟེ་ སྡོད་དགོཔ་འབྱུངམ་ཨིནམ་དང་ གཤིན་པོའི་རྣམ་ཤེས་་ཀྱིས་ གསོན་པོ་དང་མི་སྡེ་ལུ་གནོད་པ་བསྐྱེལཝ་ཨིན་མས་ཟེར་ཞུ་ནི།

མདོར་བསྡུ་བ་ཅིན་ ང་བཅས་ར་ཚེ་རྫོགས་ཏེ་ ཤི་བའི་སྐབས་ རང་གི་ལས་འདི་རང་གིས་ར་ མྱོང་དགོཔ་ལས་ སྐལ་བཟང་ཡིད་ཀྱི་དགའ་སྟོན་ལས། (༢༠༡༢ ཤོག་གྲངས ༧༦) “འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ཞིང་།། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་ཁྲུས་ལ།། ཉིད་ཀྱི་རྟོག་པ་གཞན་ལ་སྤོ་མིན་ཏེ།། ཐུབ་རྣམས་ཞི་བ་སྟོན་པས་གྲོལ་བར་མཛད།།ཟེར་གསུངས་དོ་བཟུམ་ཨིན་རུང་  གལ་སྲིད་ ང་བཅས་ར་ ཤི་བའི་སྐབས་ གཤིན་རྩིས་འདི་བལྟ་བ་ཅིན་ གཤིན་པོ་འདི་གིས་ ཚེ་ཕྱི་མ་ ལུས་རྟེན་ལེགས་ཤོམ་ཐོབ་ནི་ལུ་ ཕན་ཐོགས་ཚུགས་ནི་དང་ དགེ་བ་དགེ་རྩ་དང་ བཟློག་ཐབས་རིམ་འགྲོ་ཚུ་གིས་ ངན་སོང་གསུམ་ལས་གྲོལ་ཏེ་ ཐར་པའི་ལམ་ལུ་འདྲེན་ནིའི་ ལམ་སྟོན་འབདཝ་མ་ཚད་ གསོན་པོ་དང་བཅས་པའི་མི་སྡེ་ལུ་ ཞི་བདེ་འབག་འོངམ་ཨིན་རུང་  གཤིན་རྩིས་འདི་མ་བལྟ་བ་ཅིན་ གཤིན་པོའི་ཐར་པའི་ལམ་བཀག་སྟེ་ བར་དོ་འཁྱམས་པའི་སྐབས་ ང་བཅས་གསོན་པོ་དང་ མི་སྡེ་ལུ་གནོད་པ་འབྱུང་དོ་ཡོདཔ་ལས་ གཤིན་རྩིས་བལྟ་ནི་འདི་ གལ་ཅན་ཅིག་ཨིན་ནོ།།
                                                   
                                                                                        བཀྲིན་ཆེ།








རྒྱབ་རྟེན་དཔེ་ཆ།

ལས་ཚོགས་སློབ་དཔོན ཡེ་ཤེས་རིན་ཆེན། (༢༠༡༢) སྐལ་བཟང་ཡིད་ཀྱི་དགའ་སྟོན ཐིམ་ཕུག འབྲུག ཀེ་ཨེམ་ཀྲི།
བསམ་གྲུབ་རྒྱ་མཚོ། (༢༠༠༤) གནམ་རིག་སྐར་རྩིས། བོད། མི་རིགས་དཔེ་སྐྲུན་ཁང་།
སློབ་དཔོན་པདྨ་རྒྱལ་མཚན། (༢༠༡༤) རྩིས་དཔེ་གསར་སྒྲིག་གྲོང་པའི་མེ་ལོང་བཞུགས་སོ། ཐིམ་ཕུག འབྲུག གྲྭ་ཚང་ལྷན་ཚོགས།


The Night My Daughter, Mendrel Was Born

Mendrel, (The First look after birth) It was the final day of the Mongar Tshechu (23/11/2024), and I was busy fulfilling my official duties....